ཧོ་ལན་དུ་བོད་རིགས་གཅིག་སྟོང་ཙམ་ཁྱིམ་གཞིས་བཅས་ནས་གནས་ཡོད་ཅིང་། འདས་པའི་ལོ་ཤས་ནང་བོད་རིགས་ཚོགས་པའི་རྒྱུན་ལས་རྣམ་པས་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཁྱིམ་གཞིས་ཞེས་འབོད་དུ་རུང་བའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞིག་གསར་འཛུགས་ཡོང་ཐབས་བྱེད་བཞིན་ཡོད། དེ་བཞིན་ཧོ་ལན་ནང་བོད་ནས་གསར་དུ་འབྱོར་བའི་བོད་རིགས་དང་ཕྲུ་གུ་བཅས་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པར་བསྟུན་ཏེ། ང་ཚོས་གཏན་འཇགས་ཀྱི་གཞིས་ཀ་ཞིག་གསར་དུ་འཛུགས་ཐུབ་ན། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུར་མཐུན་འགྱུར་སྦྱར་ཐུབ་པ་དང་། བོད་ཀྱི་ངོ་བོ་གོང་མཐོར་བཏང་ཐུབ་ངེས་རེད།

བསྟི་གནས་ཁང་དེ་བོད་རིགས་ཚོགས་པ་དང་ཧོ་ལན་སྤྱི་ཚོགས་གཉིས་དབར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་དང་། སྙིང་རྗེའི་གོམས་སྲོལ་བཟང་པོ་རྣམས་ལ་སློབ་སྦྱོང་བྱ་བ་དང་། གཞན་ཡང་རང་དབང་དང་། བདེ་འཇགས། རོགས་སྐྱོར་བཅས་ཀྱི་བཟང་ཕྱོགས་ཀྱི་བྱ་བ་རྣམས་བརྗེ་ལེན་བྱ་ཡུལ་གྱི་ས་ཆའམ་ཟམ་པ་ཞིག་ཏུ་འགྱུར་རྒྱུ་རེད།

རེ་བ་ཁོག་ཏུ་བཅུགས་ཏེ་དམིགས་ཡུལ་ཆེན་པོ་འདི་འདྲ་ཞིག་མངོན་འགྱུར་ཡོང་ཆེད་དུ་བོད་རིགས་ཚོགས་པའི་རྒྱུན་ལས་ རྣམ་པས་འདི་གར་འཚོ་སྡོད་བྱེད་མཁན་བོད་རིགས་རྣམས་ཀྱི་ཁྲོད་ནས་ཡོབ་སྒོར་འབུམ་གསུམ་ཐམ་པ་བསྡུ་རུབ་བྱས་ཟིན། འོན་ཀྱང་དམིགས་ཡུལ་འགྲུབ་པར་དངུལ་འབོར་དེས་འདང་གི་མེད་སྟབས། སུ་ཞིག་གིས་ཞལ་འདེབས་གནང་བ་ལ་ལག་ཟུང་ ཐལ་མོ་སྦྱར་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། (ཞལ་འདེབས་ཤོག་ངོས་ཀྱི་འབྲེལ་ཐག)

བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་དམིགས་ཡུལ་གཙོ་བོ་ཁག
  1. བོད་ཀྱི་སྐད་ཡིག རིག་གཞུང་དང་འབྲེལ་བའི་བྱེད་སྒོ་ཁག་སྤེལ་ས་དང་བོད་རིགས་རྣམས་འདུ་འཛོམས་བྱ་ཡུལ་གཏན་ འཇགས་ས་ཆ་ཞིག་ཡོང་བ་བྱ་རྒྱུ།
  2. ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་སྤེལ་ཡུལ་མི་དམངས་འདུ་འཛོམས་བྱ་ཡུལ་ལྟ་བུའི་ཞབས་ཞུ་བསྒྲུབ་རྒྱུ།
  3. ཧོན་ལན་མང་ཚོགས་རྣམས་བོད་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་ཁག་དང་འབྲེལ་འདྲེས་ཡོང་བ་བྱ་རྒྱུ།
  4. ཧོ་ལན་དུ་བོད་རིགས་ཚོགས་པའི་ཆེད་དུ་འབྲེལ་མཐུད་བསྟི་གནས་ཁང་ཞིག་ཡོང་བར་བྱ་རྒྱུ།

Share This