གངས་ལྗོངས་རིག་མཛོད་སློབ་གྲྭ
གངས་ལྗོངས་རིག་མཛོད་སློབ་གྲྭ
སྐད་ཡིག་ནི་རིག་གཞུང་དང་། ཆོས་ལུགས། མི་རིགས་ཀྱི་ངོ་བོ་ཐམས་ཅད་ཀྱི་གཞི་རྩའི་རྨང་རྡོ་ཡིན་རུང་། རྒྱ་ནག་སྲིད་ གཞུང་གིས་བོད་མི་རིགས་ཀྱི་ཐོག་ལ་རྒྱ་ཡི་སྐད་ཡིག་དང་རིག་གཞུང་བཙན་ཤེད་ཀྱིས་བཀོལ་སྤྱོད་བྱེད་དུ་འཇུག་པ་ཁོ་ཚོའི་ཐོབ་ཐང་དུ་བརྩིས་ཏེ། རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་རྒྱུའི་སྲིད་བྱུས་འོག་ནས། བོད་རིགས་ཕྲུ་གུ་རྣམས་ཀྱིས་བོད་དུ་སོ་སོའི་ཕ་སྐད་སྦྱང་རྒྱུའི་གོ་སྐབས་མ་ཐོབ་པར་བརྟེན་ནས་བོད་ཀྱི་སྐད་ཡིག་རིམ་པས་རྩ་མེད་དུ་འགྲོ་བཞིན་ཡོད་པ་རེད།
རྒྱུ་མཚན་དེ་ལ་བརྟེན་ནས། ཧོ་ལན་དུ་གངས་ལྗོངས་རིག་མཛོད་སློབ་གྲྭ་གསར་འཛུགས་བྱས་ཏེ། བོད་རིགས་ཕྲུ་གུ་རྣམས་ཀྱིས་བོད་ཀྱི་སྐད་ཡིག རིག་གཞུང་དང་འབྲེལ་བའི་བྱེད་སྒོ་གཞན་ཁག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་སྦྱར་རྒྱུར་དོ་སྣང་བྱེད་བཞིན་ཡོད། བོད་ཀྱི་སྐད་ཡིག་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་མཐར་ཐུག་གི་བསྒྲུབ་བྱ་ཡིན་སྟབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་ནས་སློབ་གྲྭའི་མཚན་དུ། (གངས་ལྗོངས་རིག་མཛོད་སློབ་གྲྭ་) ཞེས་གསོལ་གནང་མཛད་ཡོད།
སློབ་གྲྭའི་ནང་དུ་ལོ་ན་བཞི་ནས་བཅོ་བརྒྱད་བར་གྱི་བོད་རིགས་ཕྲུ་གུ་རྣམས་ལ་རིན་མེད་བོད་ཡིག་འཛིན་གྲྭ་འཚོགས་ཀྱི་ཡོད་པ་དང་། འཛིན་གྲྭ་རྣམས་རེ་གཟའ་ཉི་མའི་ཞོགས་པ་རྟག་པར་ཆུ་ཚོད་གསུམ་རེ་འཚོགས་ཀྱི་ཡོད་ལ། སློབ་མ་རྣམས་ཀྱི་སྦྱངས་འབྲས་བལྟ་ཕྱིར་ལོ་འཁོར་ཡིག་ཚད་ཐེངས་རེ་བཏང་དགོས་ཀྱི་ཡོད། ད་ལྟའི་ཆར་སློབ་གྲྭའི་ནང་གནས་རིམ་མཐོ་དམའི་དབྱེ་བ་ཡོད་པའི་འཛིན་གྲྭ་ཁག་ལྔ་དང་སློབ་མའི་གྲངས་བདུན་ཅུ་ཐམ་པ་ཡོད།
སློབ་གྲྭའི་ནང་དང་བླང་དགེ་རྒན་བརྒྱད་ཡོད་ཅིང་། ཁོང་རྣམ་པས་རང་དོན་བློས་གཏོང་གིས་འབད་བརྩོན་དང་ཞབས་ཞུ་བསྒྲུབ་པར་བརྟེན་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱས་ཏེ། བཙན་བྱོལ་དུ་ཡོད་པའི་ན་གཞོན་ མི་རབས་རྣམས་ལ་བརྒྱུད་སྤྲོད་བྱེད་ཐབས་བྱེད་བཞིན་ཡོད། སློབ་གྲྭར་གཞུང་གི་རོགས་དངུལ་ཐོབ་ཀྱི་མེད་ཁར། འཛིན་གྲྭ་ཚུགས་སའི་ས་ཆ་བརྟན་པོ་ཞིག་ད་དུང་མེད་སྟབས། སློབ་གྲྭའི་འཛིན་གྲྭ་མུ་མཐུད་དུ་འཚོགས་རྒྱུ་ངེས་གཏན་ཡོང་ཆེད་ང་ཚོས་དཔལ་འབྱོར་འདུ་འགོད་དང་དེ་མིན་གྱི་རོགས་སྐྱོར་རིགས་ཐོབ་རྒྱུ་ལ་ཛ་དྲག་གི་ཐོག་ནས་འབད་བརྩོན་བྱེད་བཞིན་ཡོད།