ཧོ་ལན་མི་དམངས་རྣམས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་གྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་ཧོ་ལན་དུ་བོད་རིགས་སྟོང་ཕྲག་གཅིག་ཡས་མས་ཤིག་གིས་མི་ཚེ་གསར་པ་སྐྱེལ་བཞིན་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་ཧོ་ལན་དུ་འཚོ་གནས་བྱེད་མཁན་བོད་རིགས་རྣམས་ཕན་ཚུན་རོགས་ཕན་དང་འབྲེལ་ལམ་དམ་ཟབ་ཡོད་ཆེད་བོད་ཀྱི་བདེ་དོན་ལྷན་ཚོགས་ཤིག་གསར་འཛུགས་བྱས་ཏེ། དེ་ལ་(ཧོ་ལན་བོད་རིགས་ཚོགས་པ་)ཞེས་འབོད། ང་ཚོའི་བོད་རིགས་ཚོགས་པ་ནི་ཆོས་བརྒྱུད་དང་ལུང་ཚན་གྱི་ཕྱོགས་རེས་ཅི་ཡང་མེད་པའི་ཐོག་ནས་རྒྱུན་གནས་ཡོང་རྒྱུ་གཙིགས་ཆེར་བཟུང་བའི་རྩ་དོན་གཞི་ལ་བཞག་ནས་ཤར་བསྐྱོད་བྱེད་བཞིན་ཡོད་པ་དང་།

བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་རྒྱུན་ལས་བརྒྱད་ལོ་གསུམ་རེའི་ནང་འོས་འདེམས་བརྒྱུད་ནས་བསྐོ་བཞག་བྱེད་བཞིན་ཡོད། འདིར་གནས་བོད་རིགས་རྣམས་ཕན་ཚུན་དབར་དུ་བཅོས་མིན་གྱི་བརྩི་བཀུར་དང་། འབྲེལ་ལམ་དམ་ཟབ་ལྡན་ཞིང་། འཆམ་མཐུན་ཆིག་སྒྲིལ་ཡོད་པའི་ ཚོགས་སྡེ་ཞིག་ཡིན།

མདོར་ན། ཧོ་ལན་བོད་རིགས་ཚོགས་པ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གྱི་རྒྱ་ལས་མ་འདས་པར་ཤར་བསྐྱོད་བྱེད་བཞིན་ཡོད་པ་དང་། རྡ་རམ་ས་ལར་རྟེན་གཞིར་བྱས་པའི་དབུས་བོད་མི་སྒྲིགས་འཛུགས་ཀྱི་བཀོད་ཁྱབ་རྣམས་དང་ལེན་ཤར་བསྐྱོད་བྱེད་ཀྱི་ཡོད། དེ་བཞིན་ང་ཚོས་མ་འོངས་པ་ལ་ཡང་དེ་ལྟ་བུའི་བཀའ་དགོངས་ལམ་སྟོན་འོག་ནས་ཤར་བསྐྱོད་བྱ་རྒྱུ་ཆོད་སེམས་བརྟན་པོ་ཡོད་པའི་ཐོག་ནས་རྒྱུན་འཁྱོངས་བྱ་རྒྱུ་དང་། སྔར་ལས་ལྷག་པའི་ཡར་ རྒྱས་གོང་འཕེལ་མུ་མཐུད་བཏང་རྒྱུ་ནི་ང་ཚོས་བོད་རིགས་ཚོགས་པའི་འགྱུར་བ་མེད་པའི་དམ་བཅའ་དང་འོས་འགན་ཉག་ཅིག་ལ་བརྩི་བཞིན་ཡོད།

འཆར་སྣང་།

ང་ཚོའི་འཆར་སྣང་ནི། ཧོ་ལན་དུ་འཚོ་སྡོད་བྱེད་མཁན་བོད་རིགས་དང་ཧོ་ལན་སྤྱི་ཚོགས་དབར་དུ་འབྲེལ་ལམ་མཐུད་བྱེད་ཀྱི་ཟམ་པ་ཞིག་འཛུགས་རྒྱུ་དང་། དེ་ཡང་བོད་ཀྱི་རིག་གཞུང་ནང་གཞི་རྐང་བརྟན་པོར་བཙུགས་པའི་ཐོག་ནས་ཧོ་ལན་སྤྱི་ཚོགས་དང་འབྲེལ་ལམ་ཟབ་པོ་ཡོད་པའི་ཚོགས་སྡེ་ཞིག་བཟོ་རྒྱུ་ཡིན།

ང་ཚོའི་དམིགས་འདུན།

ང་ཚོའི་དམིགས་འདུན་ནི་ཧོ་ལན་དུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཡུལ་སྲོལ་གོམས་གཤིས་རྣམས་མ་འོངས་པའི་མི་རབས་རྣམས་ཀྱི་སླད་དུ་ཡར་རྒྱས་གོང་མཐོར་བཏང་ནས་རྒྱུན་འཛིན་བྱ་རྒྱུ་དང་། ཕྱོགས་གཅིག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་དང་། བྱམས་དང་སྙིང་རྗེའི་གོམས་སྲོལ་བཟང་པོ་ཁག་ལ་སློབ་སྦྱོང་བྱ་རྒྱུའི་མཐུན་འགྱུར་སྦྱར་རྒྱུ་དང་། ཕྱོགས་གཞན་ཞིག་ནས་རང་དབང་དང་། བདེ་འཇགས། རྒྱབ་སྐྱོར་སོགས་བཟང་ཕྱོགས་ཀྱི་བྱ་བ་བརྗེ་ལེན་བྱེད་སའི་ཟམ་པ་ཞིག་བོད་རིགས་ཚོགས་པ་དང་ཧོ་ལན་སྤྱི་ཚོགས་དབར་དུ་བསྐྲུན་རྒྱུའི་དམིགས་འདུན་ཡོད། ང་ཚོར་ཡོད་པའི་རང་དབང་བཀོལ་ཏེ་བོད་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆེད་དུ། བོད་ནང་ཆོས་དང་རིག་གཞུང། སྐད་ཡིག་སློབ་གསོ། འཕྲོད་བསྟེན་དང་འཁོར་ཡུག་གི་ཤེས་བྱ། སྤྱི་ཚོགས་འཛུགས་བསྐྲུན་བཅས་ཀྱི་ཐད་ལ་ཕུགས་རྒྱང་རིང་པོར་སྨིན་པའི་བྱ་བཞག་ཡར་རྒྱས་གོང་འཕེལ་བཏང་རྒྱུ་ཡིན།

ང་ཚོའི་བསྒྲུབ་བྱ་ཁག

  • བོད་ཀྱི་སྲོལ་རྒྱུན་དུས་ཆེན་དང་དུས་དྲན་གྱི་ཉིན་མོ་ཁག་སྲུང་བརྩི་ཞུ་བར་གོ་སྒྲིག་བྱ་རྒྱུ།
  • གངས་ལྗོངས་རིག་མཛོད་སློབ་གྲྭའི་གཟའ་མཇུག་སློབ་གྲྭ་བརྒྱུད་ནས་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་སློབ་སྦྱོང་བྱེད་པར་མཐུན་འགྱུར་སྦྱར་རྒྱུ།
  • ཧོ་ལན་དུ་བོད་ནས་གསར་དུ་འབྱོར་མཁན་རྣམས་ལ་ལམ་སྟོན་ཞུ་རྒྱུ།
  • བོད་རིགས་རྣམས་ཧོ་ལན་སྤྱི་ཚོགས་སུ་ཆ་ཤས་བླངས་ནས་ཟླ་སྒྲིལ་ཡོང་བར་བརྒྱུད་སྐུལ་བྱ་རྒྱུ།
  • བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་པའི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་སྐོར་ལ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་མཉམ་དུ་མི་དམངས་ལ་གོ་རྟོགས་སྤེལ་རྒྱུ།
  • ཧོ་ལན་དུ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞིག་འཛུགས་རྒྱུ་བཅས་ཡིན།
Share This